༄༅། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་དགོས་དམིགས་མདོར་བསྡུས།

༄༅།།ལྷར་བཅས་སྲིད་ཞིའི་གཙུག་རྒྱན།ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བྱམས་བརྩེའི་གཏེར་ཆེན་འཛམ་གླིང་ཞི་བདེའི་དེད་དཔོན། རང་ཅག་བོད་མི་ཡོངས་ཀྱི་འདི་ཕྱི་གཏན་གྱི་མགོན་སྐྱབས།བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་བརྒྱད་བཅུ་གྱ་གཅིག་ལ་ཕེབས་པར། སྐུའི་གསང་གསུམ་ལ་འགལ་རྐྱེན་ཕྲ་མོས་ཀྱང་མ་རེག་པར་སྐུ་ཚེ་བཅོམ་ལྡན་འདས་ཚེ་མཐའ་ཡས་པའི་ངོ་བོར་རྟག་ཏུ་བརྟན་ཅིང་། མཁྱེན་བརྩེའི་རླབས་ཆེན་མཛད་འཕྲིན་རིས་མེད་རྒྱལ་བསྟན་ཕྱོགས་བཅུའི་མཐའ་ཁྱབ་ཀུན་ཏུ་སྤེལ་ཞིང་། སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་བདེ་སྐྱིད་ལྷག་པར་དར་བའི་གསོས་སུ་སྨིན་པའི་རྟེན་འབྱུང་དུ། སྤྱི་མཐུན་བསོད་ནམས་གོང་མཐོར་འཕེལ་བའི་སླད།སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ཇི་ལྟར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཞལ་བཞེས་སྐལ་བཟང་སྤྱི་སྨིན་བཞིན། ཕྱི་ལོ་༢༠༡༦ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་སུད་སི་རྫུ་རིག་གྲོང་འཁྱེར་གྱི་ཧ་ལེན་སིཊཌིཨོན་ཚོགས་ཁང་ཆེན་མོའི་ནང་སྐལ་ལྡན་ས་གནས་སྒྲིག་ཁོངས་བོད་རིགས་ཡོངས་ནས་དད་བརྟན་དམ་ཚིག་འགྱུར་བ་མེད་པའི་ངང་། མདོ་ལུགས་བརྟན་བཞུགས་གཟབ་རྒྱས་འདེགས་འབུལ་དང་། ས་གནས་ཆོས་ཞུ་བ་མང་ཚོགས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་། རྒྱལ་སྲས་ལག་ལེན་སོ་བདུན་མ། སྒོམ་རིམ་བར་པ་བཅས་ཀྱི་བཀའ་ཁྲིད་སྨིན་སྩོལ་གསུང་གི་བདུད་རྩིར་ལོངས་སྤྱོད་པའི་བགོ་བསྐལ་བཟང་པོ་ཐོབ་པར། དགའ་དད་དཔག་མེད་འཕེལ་བཞིན་མགོན་པོ་མཆོག་ལ་བཀྲིན་བླ་ལྷག་ཏུ་ཆེ་ཞུ་དང་འབྲེལ། གོང་གསལ་དགོས་དམིགས་མངོན་འདོད་རྣམས་བདེ་བླག་ཏུ་འགྲུབ་པའི་སྨོན་འདུན་མཚམས་སྦྱོར་བཅས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་བཟང་པོར་སྤེལ།།

༡༽ བརྟན་བཞུགས་ཆེད་ཞལ་འདེབས་འབུལ་ཡུལ།

ས་གནས་བོད་རིགས་མི་མང་གི་སྒྲིག་འཛུགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ལགས་ན། ས་གནས་ཚོགས་ཆུང་ཁག་སོ་སོའི་སྒྲིག་ཁོངས་མི་མང་ནས་ཞལ་འདེབས་བསྡུ་རུབ་གནང་ཏེ་བརྟན་བཞུགས་ཀྱི་འབུལ་མཚོན་གོ་སྒྲིག་དགོས་པ་ཡིན། འོན་ཀྱང་སྐུ་ཉིད་ནས་དམིག་བསལ་ཞལ་འདེབས་འབུལ་དགོས་ཚེ་གཤམ་གསལ་དངུལ་ཁང་དུ་གནང་ན་འཐུས་ཀྱང་དམིགས་བསལ་མཇལ་ཁ་རིགས་ཀྱི་གོ་སྐབས་གང་ཡང་མེད་པ་ཡིན་པའི་དེ་དོན་ཐུགས་འཇགས་དགོས་གལ་ཆེ།

༢༽ བརྟན་བཞུགས་ཆེད་མི་མང་ནས་སྔོན་འགྲོའི་ཞབས་རིམ་སྒྲུབ་ཕྱོགས་ཀྱི་གསལ་བཤད།

ས་གནས་ཚོགས་ཆུང་ཁག་ནས་ཞབས་རིམ་གསོག་གྲུབ་ཀྱིས་ཐོ་གཞུང་ཕྱི་ཟླ་ ༩ ཚེས་༡༠ མགྱང་མེད་ཕུལ་དགོས་པ་དང་། སྒེར་སོ་སོ་ནས་ཞབས་རིམ་གསོག་གྲུབ་གནང་ཡོད་ཚེ་ཐོ་གཞུང་ས་གནས་འཐུས་མིར་ཕུལ་ན་ཆོག

ཞབས་རིམ་གྱི་ཕྱག་དཔེ་འདི་ནས་ཕབ་ལེན་གནང་།

༣༽ བརྟན་བཞུགས་ཆེད་མང་ཚོགས་ནས་སྲོག་བླུ་ཚེ་ཐར་སྐོར་གྱི་གསལ་བཤད།

ས་གནས་ཚོགས་ཆུང་ཁག་ནས་འགན་ལེན་གྱིས་བརྟན་བཞུགས་ཆེད་སྲོག་བླུ་ཚེ་ཐར་གང་མང་བཏང་སྟེ་ཐོ་གཞུང་ཁ་གསལ་ཞིག་གང་མགྱོག་འཐུས་ཚོགས་སུ་ཕུལ་དགོས།