སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས།

ཀ། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་འདི་བཞིན་ཕྱི་ལོ་ ༡༩༧༣ ལོ་ནས་དབུ་བརྙེས་པ་དང་ད་ཆ་སྒྲིག་ཁོངས་སུ་བོད་རིགས་ ༥༠༠༠ ལྷག་ཙམ་ཡོད།

ཁ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེས་གཙོས་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་གཞིའི་དོན་གནད་ཁག་ལ་བརྩི་སྲུང་དང་ལེན་བྱེད་མུས།

ག། ཆབ་སྲིད་ཀྱི་ལས་དོན་ལ་ནུས་ཤུགས་ཆེ་ཆེར་འབད་བརྩོན་བྱ་རྒྱུར།

ང། ཕྱི་ནང་གཉིས་སུ་བོད་མིའི་རྩ་དོན་སྐོར་ལ་འགྲེལ་བཤད་གཏིང་ཟབ་ལག་ལེན་བསྟར་མུས།

ཅ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་མང་གཙོའ་འཕེལ་རྒྱས་ཆེད་དོ་ཁུར་ལེན་རྒྱུ།

ཆ། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་སྲུང་དང་ཡར་རྒྱས་གོང་མཐོར་ཡོང་ཐབས།

ཇ། སྒྲིག་འཛུགས་ཟློས་གར་ནས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཁྱད་ཆོས་ལྡན་པར་ཕྱི་ནང་གཉིས་ལ་ངོ་སྤྲོད་དང་། གསལ་བསྒྲགས་ལ་འགན་འཁུར་ལེན་མུས།

ཉ། ས་གནས་ཁག་ ༡༧ ཡོད་པའི་བོད་སློབ་ནང་དུས་སེང་དང་དགུང་སེང་སྐབས་སུ་བོད་ཡིག་སློབ་མཚན་སློབ་འཁྲིད་ཞུ་རྒྱུ།

ཏ། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གསར་འཕྲིན་དེ་བཞིན་བཙལ་བྱོལ་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ལ་འགྲེམས་སྤེལ་ཞུ་མུས།

ཐ། ང་ཚོའི་གནས་སྟངས་དང། ལས་འགུལ་གང་སྤེལ་བ་རྣམས་མི་མང་དྲ་རྒྱའི་ནང་ལ་གཟིགས་ཞིབ་ངེས་ཕེབས་ཡོང་བ་དགོངས་འཇགས་ཞུ། མི་མང་གི་དྲ་རྒྱའི་ཁ་བྱང། (www.tibetswiss.ch)

ད། ཕྱི་ལོ་ ༡༩༩༥ ནས་བཟུང་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་དང། ས་གནས་འཐུས་མིའི་ཚོགས་འདུའི་ཁྲིམས་མཐུན་སྒྲིག་གཞི་གཏན་འབེབས་གནང་ཡོད་པ་དང། ལྷག་དོན་ ༢༠༠༥/༢༠༠༦ ནང་སྔོན་ཡོད་ས་གནས་མི་མང་གི་སྒྲིག་གཞི་དང།
ས་གནས་འཐུས་མིའི་ཚོགས་འདུའི་སྒྲིག་གཞིར་གལ་ཆེའི་བསྐྱར་བཅོས་ཞུས་ཡོད།

ན། ང་ཚོའི་སྒྲིག་འཛུགས་འདི་ས་གནས་ཚོགས་ཆུང་ཁག་ ༢༥ ནང་ཆ་བགོས་དང། ཚོགས་གཙོ་ཚོགས་གཞོན་གཉིས་ཐོག་ས་གནས་འཐུས་མི་གྲངས་ ༢༥ བཅས་བསྡོམས་མི་གྲངས་ ༢༧ འོས་འདེམས་བྱུང་ཡོད།

པ། མདོར་ན་ང་ཚོའི་མི་མང་ནས་སྐུ་ཚབ་དོན་གཅོད་ཁང། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས། རི་ཀོན་ཆོས་འཁོར་དགོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གཞན་ཡང་དགེ་རྩའི་ཚོགས་པ་སོགས་ཀྱི་མཉམ་དུ་རང་རེའི་སྤྱི་དོན་གྱི་ཐོག་ལ་མཉམ་རུབ་གྲུབ་འབྲས་སྨིན་ཐབས་ལ་ཐབས་ཤེས་གང་དྲག་དངོས་སུ་ལག་ལེན་འགེལ་རྒྱུ་བཅས་ཡིནཔ་ལགས་སོ།།